【双语之窗】《中华人民共和国社区矫正法》(藏文版)

原标题:【双语之窗】《中华人民共和国社区矫正法》(藏文版)

༄༅། །ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་སྐོར་གྱི་བཅའ་ཁྲིམས།

༼2019ལོའི་ཟླ་12ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ། ༽

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། སྡེ་ཁུལ་ཡོ་བསྲང་གི་ལས་ཀར་སྐུལ་འདེད་དང་། ཚད་མཐུན་ཡོང་བ་བྱེད་པ། ཉེས་དོན་དཔྱད་མཚམས་དང་ཉེས་དོན་བཀའ་བཅད་དེ་བཞིན་གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་པའི་གཏན་འབེབས་ལག་ལེན་ཡང་དག་བསྟར་རྒྱུ་འགན་སྲུང་ཐུབ་པ། སློབ་གསོའི་ཡོ་བསྲང་གི་སྤུས་ཚད་གོང་མཐོར་གཏོང་བ་དང་། སྡེ་ཁུལ་ཡོ་བསྲང་ཞུ་མི་སྤྱི་ཚོགས་དང་བདེ་བླག་ངང་འདྲེས་འདྲིས་ཐུབ་རྒྱུར་སྐུལ་མ་གཏོང་བ། ཉེས་གསོག་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱེད་ཆེད་རྩ་ཁྲིམས་གཞིར་བཟུང་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། རྩིས་སྤྲོད་དོ་དམ་གྱི་ཆད་པ་ཕོག་པ་དང་། ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ། ཚོད་བགམ་གློད་འགྲོལ་བཏང་བ། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་པ་བཅས་ཀྱི་ཉེས་ཅན་པར་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱེད་དགོས།

སྡེ་ཁུལ་ཡོ་བསྲང་ཞུ་མིར་ལྟ་སྐུལ་དོ་དམ་དང་། སློབ་གསོའི་རོགས་རམ་བྱ་བ་སོགས་ཀྱི་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་འདི་སྤྱད་ན་འཐུས་པ་ཡིན།

དོན་ཚན་གསུམ་པ། སྡེ་ཁུལ་ཡོ་བསྲང་གི་ལས་དོན་སྤེལ་སྐབས་ལྟ་སྐུལ་དོ་དམ་དང་། སློབ་གསོའི་རོགས་རམ་བྱེད་རྒྱུ་ཟུང་འབྲེལ་བྱེད་པ་དང་། ཆེད་གཉེར་ཚན་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་རིགས་དབྱེ་སྟེ་དོ་དམ་དང་། མི་རེ་རེ་བྱས་ཏེ་ཡོ་བསྲང་བའི་ཐབས་ཤེས་སྤྱད་དེ་དམིགས་ས་ཡོད་པའི་སྒོ་ནས་སྡེ་ཁུལ་ཡོ་བསྲང་ཞུ་མིས་ཉེས་པ་བསྐྱར་དུ་གསོག་རྒྱུའི་ཉེན་ཁའི་རྒྱུ་རྐྱེན་མེད་པ་བཟོས་ཏེ་ཁོ་ཚོ་ཁྲིམས་ལུགས་སྲུང་ཐུབ་མཁན་གྱི་སྤྱི་དམངས་ཤིག་ཆགས་རྒྱུའི་རོགས་རམ་བྱེད་དགོས།

དོན་ཚན་བཞི་པ། སྡེ་ཁུལ་ཡོ་བསྲང་ཞུ་མིས་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱེད་པར་དང་ལེན་དང་། ལྟ་སྐུལ་དོ་དམ་བྱེད་པར་བརྩི་སྲུང་ཞུ་དགོས།

སྡེ་ཁུལ་ཡོ་བསྲང་གི་ལས་དོན་ཁྲིམས་བཞིན་སྤེལ་ནས་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ། སྡེ་ཁུལ་ཡོ་བསྲང་ཞུ་མིར་ཁྲིམས་བཞིན་སྤྱོད་དབང་ཡོད་པའི་མི་ལུས་ཀྱི་ཁེ་དབང་དང་། རྒྱུ་ནོར་གྱི་ཁེ་དབང་། དེ་མིན་ཁེ་དབང་བཅས་ལ་གནོད་འཚེ་མི་ཕོག་པ་དང་། ལས་ཀར་ཞུགས་པ་དང་སློབ་གྲྭར་ཞུགས་པ། སྤྱི་ཚོགས་ཀྱི་འགན་སྲུང་ལོངས་སྤྱོད་བྱེད་པ་སོགས་ཀྱི་ཐད་མཐོང་ཆུང་མི་ཕོག་པ་བྱེད་དགོས།

དོན་ཚན་ལྔ་པ། རྒྱལ་ཁབ་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱད་ནས་ལྟ་སྐུལ་དོ་དམ་དང་སློབ་གསོའི་རོགས་སྐྱོར་བྱེད་དགོས་ཤིང། སྡེ་ཁུལ་ཡོ་བསྲང་གི་ལས་དོན་སྤེལ་མཁན་འབྲེལ་ཡོད་སྡེ་ཚན་དབར་ཁྲིམས་བཞིན་ཆ་འཕྲིན་མཉམ་སྤྱོད་བྱེད་དགོས།

དོན་ཚན་དྲུག་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་སྡེ་ཁུལ་ཡོ་བསྲང་ལ་སྤྱོད་རྒྱུའི་གྲོན་དངུལ་རིམ་པ་དེ་གའི་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་དགོས།

གྲོང་མི་ཨུ་ཡོན་ལྷན་ཁང་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། དེ་མིན་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གཞན་དག་བཅས་ཀྱིས་ཁྲིམས་བཞིན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་ལས་དོན་སྤེལ་རོགས་བྱེད་པར་མཁོ་བའི་གྲོན་དངུལ་རྣམས་གཏན་འབེབས་བཞིན་སྡེ་ཁུལ་ཡོ་བསྲང་བྱེད་མཁན་ཚན་པ་དེ་གའི་རིམ་པ་གཅིག་མཚུངས་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་དགོས།

དོན་ཚན་བདུན་པ། སྡེ་ཁུལ་ཡོ་བསྲང་གི་ལས་ཀའི་ཁྲོད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་མཁན་རྩ་འཛུགས་དང་། མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་། བྱ་དགའ་སྤྲོད་དགོས།

ལེའུ་གཉིས་པ། ལས་ཁུངས་དང་། མི་སྣ། འགན་འཁྲི་བཅས་ཀྱི་སྐོར།

དོན་ཚན་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛིན་སྲིད་འཛིན་ཚན་པས་རྒྱལ་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་གི་ལས་དོན་གཙོ་གཉེར་བྱེད་རྒྱུ་དང་། རྫོང་རིམ་པ་ཡན་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་ཚན་པས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྡེ་ཁུལ་ཡོ་བསྲང་གི་ལས་དོན་གཙོ་གཉེར་བྱེད་དགོས།

མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། དེ་མིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་སོ་སོའི་འགན་འཁྲི་གཞིར་བཟུང་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ཁྲིམས་བཞིན་ཡག་པོ་བསྒྲུབ་དགོས་པ་དང་། མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་བཞིན་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ལ་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་དགོས།

ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ཏེ་སྡེ་ཁུལ་ཡོ་བསྲང་ཨུ་ཡོན་ལྷན་ཁང་བཙུགས་ནས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ལ་གཅིག་གྱུར་གྱི་མཐུན་འགྲིག་དང་ཁྲིད་སྟོན་བྱེད་རྒྱུའི་འགན་འཁྲི་འཁུར་དགོས།

དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ཏེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་བཙུགས་ནས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ལག་བསྟར་ཞིབ་ཕྲ་བྱེད་པའི་འགན་འཁྲི་འཁུར་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་འཛུགས་པ་དང་ཕྱིར་འཐེན་བྱེད་པར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་ཚན་པས་བསམ་འཆར་བཏོན་དགོས་པ་དང་གཏན་འབེབས་བྱས་པའི་དབང་ཚད་དང་གོ་རིམ་གཞིར་བཟུང་ཞིབ་བཤེར་ཆོག་མཆན་འགོད་དགོས།

ཁྲིམས་འཛིན་སོའོ་ཡིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པ་ལྟར། སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་ལས་དོན་གྱི་འགན་འཁྲི་འཁུར་དགོས།

དོན་ཚན་བཅུ་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ལུགས་སོགས་ཆེད་ལས་ཀྱི་ཡོན་ཚད་ལྡན་པའི་ཆེད་མངགས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་(གཤམ་དུ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣ་ཞེས་བརྗོད་རྒྱུ།) བཀོད་སྒྲིག་བྱས་ཏེ། ལྟ་སྐུལ་དོ་དམ་དང་། སློབ་གསོའི་རོགས་སྐྱོར་བྱེད་རྒྱུ་སོགས་ཀྱི་ཁྲིམས་ལུགས་ལག་བསྟར་བྱེད་རྒྱུའི་འགན་འཁྲི་འཁུར་དགོས།

དོན་ཚན་བཅུ་གཅིག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ཏེ་ཁྲིམས་ལུགས་དང་། སློབ་གསོ། སེམས་ཁམས། སྤྱི་ཚོགས་ཀྱི་ལས་དོན་སོགས་ཆེད་ལས་ཀྱི་ཤེས་བྱའམ་ལག་ལེན་དངོས་ཀྱི་ཉམས་མྱོང་ཡོད་པའི་སྤྱི་ཚོགས་ཀྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་ལས་དོན་སྤེལ་དགོས།

དོན་ཚན་བཅུ་གཉིས་པ། གྲོང་མི་ཨུ་ཡོན་ལྷན་ཁང་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཞིན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་གཞོགས་འདེགས་བྱས་ནས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ཡག་པོ་བསྒྲུབ་དགོས། སྡེ་ཁུལ་ཡོ་བསྲང་ཞུ་མིའི་ལྟ་སྐྱོང་བ་དང་། ཁྱིམ་ཚང་གི་ཁུངས་མི། སྡོད་གནས་ཀྱི་ཚན་པའམ་སློབ་ཞུགས་བྱེད་སའི་སློབ་གྲྭས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་གཞོགས་འདེགས་བྱས་ནས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ཡག་པོ་བསྒྲུབ་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ཀྱིས་ཁེ་ལས་དང་བྱ་བཞག་ཚན་པ། སྤྱི་ཚོགས་ཀྱི་སྒྲིག་འཛུགས། དང་བླངས་པ་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲིམས་བཞིན་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ནང་ཞུགས་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།

དོན་ཚན་བཅུ་བཞི་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། རང་སོ་སོའི་ལས་ཀར་བསམ་པ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ་སྲུང་བ། གཞུང་དྲང་སྤྱོད་གཙང་ཡོང་བ་བཅས་བྱེད་དགོས།

དོན་ཚན་བཅོ་ལྔ་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣ་དང་། དེ་མིན་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ནང་ཞུགས་མཁན་མི་སྣས་ཁྲིམས་བཞིན་སྡེ་ཁུལ་ཡོ་བསྲང་གི་ལས་དོན་སྤེལ་བར་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་རྒྱུ།

དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་ཀྱིས་བྱང་ཚད་མཐོ་བའི་སྡེ་ཁུལ་ཡོ་བསྲང་གི་ལས་ཀའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་མི་སྣར་དོ་དམ་དང་ལྟ་སྐུལ། གསོ་སྐྱོང་སྦྱོང་བསྡར། ལས་རིགས་འགན་སྲུང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ཚད་ལྡན་ཅན་དང་། ཆེད་ལས་ཅན་དུ་འགྱུར་རྒྱུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ།

ལེའུ་གསུམ་པ། ཐག་གཅོད་པ་དང་རྩིས་ལེན་རྒྱུའི་སྐོར།

དོན་ཚན་བཅུ་བདུན་པ། སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་མཁན་ལས་ཁུངས་ཀྱིས་རྩིས་སྤྲོད་དོ་དམ་བྱེད་རྒྱུའི་ཁྲིམས་ཐག་གཅོད་པ་དང་། ཁྲིམས་ཆད་ཕྱིར་འགྱངས་བྱེད་རྒྱུའི་ཁྱབ་བསྒྲགས་བྱེད་པ། ཚོད་བགམ་གློད་འགྲོལ་གཏོང་རྒྱུའི་བཀའ་བཅད་གཏོང་བ། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་རྒྱུའི་ཐག་གཅོད་པའམ་ཆོག་མཆན་སྤྲོད་པ་བཅས་ཀྱི་སྐབས་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་ས་གཏན་འཁེལ་བྱེད་དགོས།

སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་ས་ནི་སྡེ་ཁུལ་ཡོ་བསྲང་ཞུ་མིའི་སྡོད་གནས་དེ་ཡིན། སྡེ་ཁུལ་ཡོ་བསྲང་ཞུ་མི་དེར་སྡོད་གནས་ཁག་མང་པོ་ཡོད་ཚེ། རྒྱུན་སྡོད་བྱེད་ས་དེ་ལག་བསྟར་བྱེད་ས་ཡིན་པ་གཏན་འཁེལ་བྱས་ཆོག

སྡེ་ཁུལ་ཡོ་བསྲང་ཞུ་མིའི་སྡོད་གནས་དང་། རྒྱུན་དུ་སྡོད་ས་གཏན་འཁེལ་བྱེད་མི་ཐུབ་པའམ་གནས་དེར་ལག་བསྟར་བྱས་ན་མི་འཚམ་པའི་སྐབས། སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་མཁན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིས་ཡོ་བསྲང་དང་ལེན་བྱེད་རྒྱུར་ཕན་པ་ཡོད་པ་དང་། སྤྱི་ཚོགས་དང་སྔར་བས་ལེགས་པ་འདྲེས་དྲིས་ཐུབ་རྒྱུའི་རྩ་དོན་གཞིར་བཟུང་སྟེ་ལག་བསྟར་བྱེད་ས་གཏན་འཁེལ་བྱ་དགོས།

བཅའ་ཁྲིམས་འདིའི་ནང་གི་སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་མཁན་ལས་ཁུངས་ཞེས་པ་ནི་ཁྲིམས་བཞིན་རྩིས་སྤྲོད་དོ་དམ་བྱ་རྒྱུའི་ཁྲིམས་ཐག་གཅོད་པ་དང་། ཁྲིམས་ཆད་ཕྱིར་འགྱངས་བྱེད་རྒྱུའི་ཁྱབ་བསྒྲགས་བྱེད་པ། ཚོད་བགམ་གློད་འགྲོལ་གཏོང་རྒྱུའི་བཀའ་བཅད་གཏོང་བ། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་རྒྱུའི་ཐག་གཅོད་བཅས་བྱེད་མཁན་མི་དམངས་ཁྲིམས་ཁང་དང་། ཁྲིམས་བཞིན་གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་རྒྱུའི་ཆོག་མཆན་སྤྲོད་མཁན་གྱི་བཙོན་ཁང་དོ་དམ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཡིན།

དོན་ཚན་བཅོ་བརྒྱད་པ། སྡེ་ཁུལ་ཡོ་བསྲང་བྱེད་རྒྱུའི་ཐག་གཅོད་མཁན་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ཏེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སམ་འབྲེལ་ཡོད་ཀྱི་སྤྱི་ཚོགས་སྒྲིག་འཛུགས་ལ་ཞུ་སྦྱོར་ཕྱི་མའམ་ཉེས་ཅན་པའི་སྤྱི་ཚོགས་ཀྱི་ཉེན་ཁའི་རང་བཞིན་དང་སྡོད་སའི་སྡེ་ཁུལ་དེར་ཕོག་ཉེན་ཡོད་པའི་ཤུགས་རྐྱེན་ལ་བརྟག་དཔྱད་དང་དཔྱད་དཔོག་བྱེད་རྒྱུའི་མངགས་བཅོལ་བྱས་ཆོག་པ་དང་། མངགས་བཅོལ་བྱ་ཡུལ་དེས་བསམ་འཆར་བཏོན་ནས་སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་སྐབས་ཀྱི་དཔྱད་གཞིར་སྤྲོད་དགོས། གྲོང་མི་ཨུ་ཡོན་ལྷན་ཁང་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་སོགས་སྒྲིག་འཛུགས་ཀྱིས་དེར་དགོས་ངེས་ཀྱི་གཞོགས་འདེགས་བྱེད་དགོས།

དོན་ཚན་བཅུ་དགུ་པ། སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་མཁན་ལས་ཁུངས་ཀྱིས་རྩིས་སྤྲོད་དོ་དམ་བྱེད་རྒྱུའི་ཁྲིམས་ཐག་གཅོད་པ་དང་། ཁྲིམས་ཆད་ཕྱིར་འགྱངས་བྱེད་རྒྱུའི་ཁྱབ་བསྒྲགས་བྱེད་པ། ཚོད་བགམ་གློད་འགྲོལ་གཏོང་རྒྱུའི་བཀའ་བཅད་གཏོང་བ། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་རྒྱུའི་ཐག་གཅོད་པའམ་ཆོག་མཆན་སྤྲོད་པ་བཅས་ཀྱི་སྐབས་ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་དང་གོ་རིམ་གཞིར་བཟུང་ལས་དོན་བསྒྲུབ་དགོས།

སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་མཁན་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིར་སློབ་གསོ་གཏོང་དགོས་པ་དང་། སྡེ་ཁུལ་དུ་ཡོ་བསྲང་བྱེད་རིང་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་དང་དེ་བཞིན་གཏན་འབེབས་ལས་འགལ་བའི་ཁྲིམས་ལུགས་ཀྱི་མཇུག་འབྲས་གསལ་བཤད་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་འབྱོར་ཐོ་འགོད་དུ་འཇུག་དགོས།

དོན་ཚན་ཉི་ཤུ་པ། སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་མཁན་ལས་ཁུངས་ཀྱིས་དཔྱད་མཚམས་དང་བཀའ་བཅད་བཏང་བའམ་ཐག་གཅོད་བྱས་པ་དེར་ནུས་པ་ཐོན་པའི་ཉིན་ནས་རྩིས་པའི་ཉིན་ལྔའི་ནང་ཚུན་དུ་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་བརྡ་ཐོ་གཏོང་དགོས་པ་མ་ཟད། ཉིན་བཅུའི་ནང་ཚུན་དུ་འབྲེལ་ཡོད་ཁྲིམས་དོན་ཡིག་རིགས་སྐྱེལ་སྤྲོད་ཐུབ་པ་བྱེད་དགོས་པ་དང་། ཆབས་ཅིག་མི་དམངས་ཞིབ་དཔྱོད་ཁང་དང་ལག་བསྟར་བྱེད་སའི་སྤྱི་བདེ་ལས་ཁུངས་ལ་བཤུས་འབུལ་བྱེད་དགོས། སྡེ་ཁུལ་ཡོ་བསྲང་བྱེད་རྒྱུའི་ཐག་གཅོད་བྱེད་ས་དང་ལག་བསྟར་བྱེད་ས་གཉིས་ཡུལ་གཅིག་ཏུ་མིན་ན། ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་དོན་ཡིག་རིགས་དེ་ལག་བསྟར་བྱེད་ས་དེའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་སུ་བརྒྱུད་སྤྲོད་བྱེད་དགོས།

དོན་ཚན་ཉེར་གཅིག་པ། མི་དམངས་ཁྲིམས་ཁང་གིས་རྩིས་སྤྲོད་དོ་དམ་བྱེད་རྒྱུའི་ཁྲིམས་ཐག་བཅད་པ་དང་། ཁྲིམས་ཆད་ཕྱིར་འགྱངས་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ། ཚོད་བགམ་གློད་འགྲོལ་གཏོང་རྒྱུའི་བཀའ་བཅད་བཏང་བ་བཅས་ཀྱི་སྡེ་ཁུལ་ཡོ་བསྲང་ཞུ་མིས་དཔྱད་མཚམས་དང་བཀའ་བཅད་བཏང་བར་ནུས་པ་ཐོན་པའི་ཉིན་ནས་རྩིས་པའི་ཉིན་བཅུའི་ནང་ཚུན་དུ་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་འབྱོར་ཐོ་འགོད་དགོས།

མི་དམངས་ཁྲིམས་ཁང་གིས་གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་རྒྱུ་ཐག་གཅོད་བྱས་པའི་སྡེ་ཁུལ་ཡོ་བསྲང་ཞུ་མི་ཡིན་ཚེ། ལྟ་སྲུང་ཁང་ངམ་། ཁག་ཁྱེར་བཀའ་སྒུག་དང་སྡོད་གནས་ལ་ལྟ་ཞིབ་བྱེད་རྒྱུ་ལག་བསྟར་བྱེད་མཁན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆོད་དོན་འབྱོར་བའི་ཉིན་ནས་རྩིས་པའི་ཉིན་བཅུའི་ནང་ཚུན་དུ་སྡེ་ཁུལ་ཡོ་བསྲང་ཞུ་མི་དེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་སྐྱེལ་དགོས།

བཙོན་ཁང་དོ་དམ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་རྒྱུའི་ཆོག་མཆན་སྤྲད་པའི་སྡེ་ཁུལ་ཡོ་བསྲང་ཞུ་མི་ཡིན་ཚེ། ཆོག་མཆན་སྤྲད་པའི་གཏན་འབེབས་འབྱོར་བའི་ཉིན་ནས་རྩིས་པའི་ཉིན་བཅུའི་ནང་ཚུན་དུ་བཙོན་ཁང་ངམ་ལྟ་སྲུང་ཁང་གིས་སྡེ་ཁུལ་ཡོ་བསྲང་ཞུ་མི་དེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་སྐྱེལ་དགོས།

དོན་ཚན་ཉེར་གཉིས་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་བཞིན་སྡེ་ཁུལ་ཡོ་བསྲང་ཞུ་མི་རྩིས་ལེན་དང་། ཁྲིམས་དོན་ཡིག་རིགས་ལ་ཞིབ་བསྡུར། ཐོབ་ཐང་ལ་ཞིབ་དཔྱད། རྩིས་ལེན་གྱི་ཐོ་འགོད། ཡིག་ཚགས་བཟོ་བ་བཅས་བྱེད་དགོས་པ་མ་ཟད། སྡེ་ཁུལ་ཡོ་བསྲང་ཞུ་མི་དེའི་ཉེས་གསོག་གི་དོན་དངོས་དང་། སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་རྒྱུའི་དུས་ཡུན། དེ་བཞིན་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་བཅས་ཁྱབ་བསྒྲགས་བྱེད་དགོས།

ལེའུ་བཞི་པ། ལྟ་སྐུལ་དོ་དམ་བྱེད་རྒྱུའི་སྐོར།

དོན་ཚན་ཉེར་གསུམ་པ། སྡེ་ཁུལ་ཡོ་བསྲང་ཞུ་མིས་སྡེ་ཁུལ་དུ་ཡོ་བསྲང་ཞུ་རིང་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། དཔྱད་མཚམས་དང་། བཀའ་བཅད་བཏང་བ། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་རྒྱུའི་ཆོད་དོན་སོགས་ཁྲིམས་དོན་ཡིག་རིགས་ནང་གཏན་འཁེལ་བྱས་པའི་འོས་འགན་བསྒྲུབ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛིན་སྲིད་འཛིན་ཚན་པས་གཏན་འབེབས་བྱས་པའི་སྙན་སེང་ཞུ་རྒྱུ་དང་། མི་གཞན་འཕྲད་རྒྱུ། ཕྱི་ཕྱོགས་སུ་འགྲོ་བ། སྡོད་གནས་སྤོ་བ། ཁག་ཐེག་བཙུགས་ཏེ་བཙོན་ཁང་གི་ཕྱིར་སྨན་བཅོས་བྱེད་པ་སོགས་སུ་ལྟ་སྐུལ་དོ་དམ་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་བ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་དོ་དམ་ལ་བརྩི་བཀུར་ཞུ་བ་བཅས་བྱེད་དགོས།

དོན་ཚན་ཉེར་བཞི་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ཐག་བཅད་པའི་ནང་དོན་དང་སྡེ་ཁུལ་ཡོ་བསྲང་ཞུ་མིའི་ཕོ་མོའི་དབྱེ་བ་དང་། ལོ་ཚོད། སེམས་ཁམས་ཀྱི་ཁྱད་ཆོས། བདེ་ཐང་གི་གནས་ཚུལ། ཉེས་གསོག་གི་རྒྱུ་རྐྱེན། ཉེས་གསོག་གི་རིགས། ཉེས་ཚབས་ཆེ་ཆུང་། འགྱོད་བཤགས་བྱེད་ཚུལ་སོགས་ལ་གཞིགས་ནས་དམིགས་སའི་རང་བཞིན་ཡོད་པའི་ཡོ་བསྲང་གི་ཇུས་གཞི་བཟོས་ཏེ་རིགས་དབྱེ་སྟེ་དོ་དམ་བྱེད་པ་དང་མི་རེ་རེ་བྱས་ནས་ཡོ་བསྲང་ཐུབ་པ་བྱེད་དགོས། ཡོ་བསྲང་བྱེད་རྒྱུའི་ཇུས་གཞི་དེར་སྡེ་ཁུལ་ཡོ་བསྲང་ཞུ་མིའི་ཡོ་བསྲང་གི་རྣམ་འགྱུར་སོགས་ལ་གཞིགས་ནས་བབ་བསྟུན་གྱི་བཟོ་བཅོས་རྒྱག་དགོས།

དོན་ཚན་ཉེར་ལྔ་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིའི་གནས་ཚུལ་ལ་གཞིགས་ནས་ཡོ་བསྲང་བྱེད་མཁན་ཚོ་ཆུང་གཏན་འཁེལ་བྱེད་པ་དང་། བབ་སྟུན་གྱི་ཡོ་བསྲང་བྱེད་རྒྱུའི་ཇུས་གཞི་དོན་འཁྱོལ་ཐུབ་པའི་འགན་འཁྲི་འཁུར་དགོས།

ཡོ་བསྲང་བྱེད་མཁན་ཚོ་ཆུང་དེ། དགོས་མཁོར་གཞིགས་ཏེ་ཁྲིམས་འཛིན་སོའོ་དང་། གྲོང་མི་ཨུ་ཡོན་ལྷན་ཁང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅས་ཀྱི་མི་སྣ་དང་། སྡེ་ཁུལ་ཡོ་བསྲང་ཞུ་མིའི་ལྟ་སྐྱོང་བ་དང་ཁྱིམ་མི། ཁོ་པ་གནས་སའི་ལས་ཁུངས་སམ་སློབ་གྲྭའི་མི་སྣ་དེ་བཞིན་སྤྱི་ཚོགས་ཀྱི་ལས་དོན་པ། དང་བླངས་པ་སོགས་ལས་གྲུབ་ཆོག སྡེ་ཁུལ་དུ་ཡོ་བསྲང་ཞུ་མི་བུད་མེད་ཡིན་ཚེ། ཡོ་བསྲང་བྱེད་མཁན་གྱི་ཚོ་ཆུང་ནང་བུད་མེད་ཀྱི་ཁོངས་མི་ཡོད་དགོས།

དོན་ཚན་ཉེར་དྲུག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིའི་གནས་ཚུལ་དང་བྱ་སྤྱོད་ཤེས་རྟོགས་ཐུབ་པ་བྱེད་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འཕྲིན་གཏོང་གི་ཐོག་ནས་འབྲེལ་གཏུག་བྱེད་པ་དང་། ཆ་འཕྲིན་ཅན་ལ་བརྟེན་ནས་ཞིབ་བཤེར་བྱེད་པ། ས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་གནས་ཚུལ་ལ་བདེན་མིན་ཞིབ་དཔྱད་བྱེད་ཆོག་ཅིང་། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས།

སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ་སོགས་ཀྱི་ལས་དོན་སྤེལ་སྐབས། སྡེ་ཁུལ་ཡོ་བསྲང་ཞུ་མིའི་ཐོབ་ཐང་ཐད་ཀྱི་ཆ་འཕྲིན་དང་མི་སྒེར་གྱི་གསང་བ་སྲུང་དགོས།

དོན་ཚན་ཉེར་བདུན་པ། སྡེ་ཁུལ་ཡོ་བསྲང་ཞུ་མི། སྡོད་སའི་གྲོང་ཁྱེར་དང་རྫོང་ནས་ཁ་བྲལ་བའམ་གནས་སྤོ་བྱེད་དགོས་ཚེ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་ཆོག་མཆན་ཞུ་དགོས་པ་དང་། དེར་ལུགས་དང་མཐུན་པའི་རྒྱུ་མཚན་ཡོད་ན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཆོག་མཆན་སྤྲོད་དགོས། རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་དགོས་དབང་གིས་རྟག་ཏུ་གྲོང་ཁྱེར་དང་རྫོང་གི་ས་ཁོངས་ནས་བརྒལ་ཏེ་འགྲོ་དགོས་པའི་རིགས་ལ་གནས་ཚུལ་ལ་གཞིགས་ཏེ་ཆོག་མཆན་འགོད་པའི་གོ་རིམ་དང་བྱེད་སྟངས་ཐད་སྟབས་བདེ་རུ་བཏང་ཆོག

སྡེ་ཁུལ་ཡོ་བསྲང་ཞུ་མི་གནས་སྤོ་བྱས་པ་སོགས་ཀྱི་རྐྱེན་གྱིས་ཁྲིམས་ཆད་ལག་བསྟར་བྱེད་སར་འགྱུར་ལྡོག་གཏོང་དགོས་བྱུང་ཚེ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་འགྱུར་ལྡོག་གཏོང་རྒྱུའི་ཐག་གཅོད་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འགྱུར་ལྡོག་གཏོང་རྒྱུའི་ཐག་བཅད་རྗེས། སྡེ་ཁུལ་ཡོ་བསྲང་བྱེད་རྒྱུའི་ཐག་གཅོད་མཁན་ལས་ཁུངས་དང་འགྱུར་ལྡོག་བཏང་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་བརྡ་ཐོ་གཏོང་དགོས་པ་མ་ཟད། འབྲེལ་ཡོད་ཁྲིམས་དོན་ཡིག་རིགས། འགྱུར་ལྡོག་བཏང་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་བཤུས་འབུལ་བྱེད་དགོས། འགྱུར་ལྡོག་བཏང་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་དོན་ཡིག་རིགས་དག་ལག་བསྟར་བྱེད་ས་དེའི་མི་དམངས་ཞིབ་དཔྱོད་ཁང་དང་། སྤྱི་བདེ་ལས་ཁུངས་སུ་བརྒྱུད་སྤྲོད་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིའི་རྣམ་འགྱུར་ལ་གཞིགས་ནས། འབྲེལ་ཡོད་གཏན་འབེབས་ལྟར་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་བྱེད་དགོས། སྡེ་ཁུལ་ཡོ་བསྲང་ཞུ་མིས་ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། ལྟ་སྐུལ་དོ་དམ་ལ་སྲུང་བརྩི་ཞུ་བ། སློབ་གསོ་དང་ལེན་བྱེད་པ་བཅས་ཀྱི་རྣམ་འགྱུར་མངོན་གསལ་དོད་པོ་ཡོད་ཚེ་གཟེངས་བསྟོད་བྱེད་དགོས། སྡེ་ཁུལ་ཡོ་བསྲང་ཞུ་མིས་ཁྲིམས་ལུགས་ཁྲིམས་སྲོལ་ལམ་ལྟ་སྐུལ་དོ་དམ་གྱི་གཏན་འབེབས་ལས་འགལ་ན་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཁྲིམས་ལྟར་བསླབ་བྱ་བྱེད་པ་དང་། ཐ་ཚིག་སྒྲོག་པ། སྤྱི་བདེ་ལས་ཁུངས་སུ་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རེ་ཞུ་བ། ཡང་ན་ཁྲིམས་བཞིན་ཁྲིམས་ཆད་ཕྱིར་འགྱངས་བྱས་པ་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྒྱུ་དང་། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱས་པར་བཙོན་བཅུག་ལག་བསྟར་བྱེད་རྒྱུའི་རེ་བ་ཞུ་བ་བཅས་བྱེད་དགོས།

སྡེ་ཁུལ་ཡོ་བསྲང་ཞུ་མིར་དཔྱད་ཞིབ་བྱས་པའི་མཇུག་འབྲས་དེ། སྔ་འགྱོད་ཕྱི་འདོམས་བྱས་པའི་རྣམ་འགྱུར་དངོས་སུ་ཡོད་མེད་དམ། ལྟ་སྐུལ་དོ་དམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་ཡོད་མེད་གཏན་འཁེལ་བྱེད་པའི་གཞི་འཛིན་ས་བྱས་ཆོག

དོན་ཚན་ཉེར་དགུ་པ། སྡེ་ཁུལ་ཡོ་བསྲང་ཞུ་མིར་གཤམ་གསལ་གནས་ཚུལ་གྱི་རིགས་ཤིག་ཡོད་ཚེ། རྫོང་རིམ་པའི་ཁྲིམས་འཛིན་སྲིད་འཛིན་ཚན་པའི་འགན་འཁུར་མི་སྣའི་ཆོག་མཆན་བྱུང་བ་བརྒྱུད་གནས་ས་གཏན་འཁེལ་བྱེད་པའི་གློག་རྡུལ་སྒྲིག་ཆས་སྤྱད་དེ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

(དང་པོ།) མི་དམངས་ཁྲིམས་ཁང་གི་བཀག་སྡོམ་གི་བཀའ་རྒྱ་ལས་འགལ་བའི་རིགས།

(གཉིས་པ།) ལུགས་མཐུན་གྱི་རྒྱུ་མཚན་མེད་པ་དང་ཆོག་མཆན་མ་ཐོབ་པར་རང་གནས་སའི་གྲོང་ཁྱེར་དང་རྫོང་ཁོངས་ནས་ཁ་བྲལ་རིགས།

(གསུམ་པ།) རང་གི་འགྲོ་སྡོད་ཀྱི་གནས་ཚུལ་གཏན་འབེབས་བཞིན་སྙན་སེང་མ་ཞུ་བའི་རྐྱེན་གྱིས་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་རིགས།

(བཞི་པ།) ལྟ་སྐུལ་དོ་དམ་གྱི་གཏན་འབེབས་ལས་འགལ་བའི་རྐྱེན་གྱིས་བདེ་འཇགས་དོ་དམ་གྱི་ཆད་པ་ཕོག་རིགས།

(ལྔ་པ།) ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་པའམ་གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱས་པར་བཙོན་བཅུག་ལག་བསྟར་བྱེད་རྒྱུའི་རེ་བ་ཞུ་རྩིས་ཡོད་རིགས།

གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་གནས་ས་གཏན་འཁེལ་བྱེད་པའི་གློག་རྡུལ་སྒྲིག་ཆས་སྤྱོད་ཡུན་ཟླ་གསུམ་ནས་བརྒལ་མི་ཆོག་པ་དང་། མུ་མཐུད་བེད་སྤྱོད་བྱེད་མི་དགོས་པའི་རིགས་ལ་དུས་ཐོག་ཏུ་བེད་སྤྱོད་མཚམས་འཇོག་དགོས། དུས་ཚད་ཐིམ་རྗེས་དཔྱད་དཔོག་བྱས་པ་བརྒྱུད་ད་དུང་མུ་མཐུད་བེད་སྤྱོད་བྱེད་དགོས་ངེས་ཡིན་ཚེ། ཆོག་མཆན་ཐོབ་པ་བརྒྱུད་དུས་ཡུན་རིང་དུ་བཏང་ཆོག་ཅིང་། ཐེངས་རེར་ཟླ་བ་གསུམ་ནས་བརྒལ་མི་ཆོག

སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་གནས་ས་གཏན་འཁེལ་བྱེད་པའི་གློག་རྡུལ་སྒྲིག་ཆས་བརྒྱུད་ནས་རག་པའི་ཆ་འཕྲིན་ལ་གསང་བ་ནན་པོ་བྱེད་དགོས་པ་དང་། འབྲེལ་ཡོད་ཆ་འཕྲིན་དེ་དག་སྡེ་ཁུལ་དུ་ཡོ་བསྲང་བྱ་བའི་ལས་ཀ་ཁོ་ནར་སྤྱོད་པ་ལས་གཞན་གྱི་ཐད་བཀོལ་སྤྱོད་བྱེད་མི་ཆོག

དོན་ཚན་སུམ་ཅུ་པ། སྡེ་ཁུལ་ཡོ་བསྲང་ཞུ་མི་དང་འབྲེལ་བ་ཆད་ཚེ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འཕྲལ་མར་འཚོལ་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་དང་མི་སྣས་གཞོགས་འདེགས་བྱེད་དགོས། སྡེ་ཁུལ་ཡོ་བསྲང་ཞུ་མི་འཚོལ་ཞིབ་ཐུབ་རྗེས་གནས་ཚུལ་མི་འདྲ་བར་གཞིགས་ནས་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

དོན་ཚན་སོ་གཅིག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིས་ལྟ་སྐུལ་དོ་དམ་གྱི་གཏན་འབེབས་ལས་འགལ་བའམ་མི་དམངས་ཁྲིམས་ཁང་གི་བཀག་སྡོམ་གྱི་བཀའ་རྒྱ་ལས་འགལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་ཤེས་ཚེ། འཕྲལ་མར་བཀག་འགོག་བྱེད་དགོས། བཀག་འགོག་བྱས་ཀྱང་ཕན་ནུས་མ་ཐོན་ཚེ། འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་ས་ཡུལ་དངོས་སུ་ཡོང་ནས་ཐག་གཅོད་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས།

དོན་ཚན་སོ་གཉིས་པ། སྡེ་ཁུལ་ཡོ་བསྲང་ཞུ་མི་ཁྲིམས་ལྟར་བཀག་ཉར་བྱེད་རྒྱུ་དང་། བཙན་ཐབས་ཀྱིས་ལོགས་བཀར་དུག་གཅོད་བྱེད་རྒྱུ། ཉེས་དོན་བཙན་ཐབས་ལག་བསྟར་བྱེད་རྒྱུའི་ཐག་བཅད་པ་སོགས་མི་ལུས་ཀྱི་རང་དབང་ལ་ཚོད་འཛིན་བྱས་པའི་གནས་ཚུལ་ཡོད་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་བརྡ་ཐོ་གཏོང་དགོས།

དོན་ཚན་སོ་གསུམ་པ། སྡེ་ཁུལ་ཡོ་བསྲང་ཞུ་མིར་ཁྲིམས་ཆད་བཅའ་ཡང་གཏོང་རྒྱུ་དེ་ཉེས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་ན། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་སའི་འབྲིང་རིམ་ཡན་གྱི་མི་དམངས་ཁྲིམས་ཁང་ལ་ཁྲིམས་ཆད་བཅའ་ཡང་གཏོང་རྒྱུའི་གྲོས་འགོ་འདོན་དགོས་པ་མ་ཟད། ཁྲིམས་ཆད་བཅའ་ཡང་གཏོང་རྒྱུའི་གྲོས་གཞིའི་ཡི་གེ་དེ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱ་དགོས།

མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ཁྲིམས་ཆད་བཅའ་ཡང་གཏོང་རྒྱུའི་གྲོས་གཞིའི་ཡི་གེ་འབྱོར་རྗེས་ཀྱི་ཉིན་སུམ་ཅུའི་ནང་བཀའ་བཅད་གཏོང་དགོས་པ་མ་ཟད། བཀའ་བཅད་ཁྲ་མ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་སྐྱེལ་དགོས་པ་དང་དུས་མཚུངས་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་ལ་བཤུས་འབུལ་བྱེད་དགོས།

དོན་ཚན་སོ་བཞི་པ། སྡེ་ཁུལ་ཡོ་བསྲང་གི་ལས་དོན་སྤེལ་སྐབས་སྡེ་ཁུལ་ཡོ་བསྲང་ཞུ་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། སྡེ་ཁུལ་ཡོ་བསྲང་བྱེད་སྐབས་སྤྱོད་པའི་བྱ་ཐབས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིའི་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བར་དགོས་མེད་ཀྱི་གནོད་པ་མི་ཕོག་པ་བྱེད་དགོས་པ་དང་། ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་མ་བཟུང་བར་སྡེ་ཁུལ་ཡོ་བསྲང་ཞུ་མིའི་མི་ལུས་རང་དབང་ལ་ཚོད་འཛིན་ནམ་རྣམ་པ་འགྱུར་བའི་ཐོག་ནས་ཚོད་འཛིན་བྱེད་མི་ཆོག

སྡེ་ཁུལ་ཡོ་བསྲང་ཞུ་མིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་བྱུང་སྙམ་ན། མི་དམངས་ཞིབ་དཔྱོད་ཁང་ངམ་འབྲེལ་ཡོད་ལས་ཁུངས་སུ་དག་འབུལ་དང་། ཞུ་གཏུག ཐེར་འདོན་བཅས་བྱེད་པའི་དབང་ཆ་ཡོད་པ་དང་། བདག་སྤྲོད་བྱེད་མཁན་ལས་ཁུངས་ཀྱིས་དོན་དེ་དུས་ཐོག་ཏུ་བསྒྲུབ་དགོས་པ་མ་ཟད། ལས་དོན་བསྒྲུབ་པའི་མཇུག་འབྲས་དག་འབུལ་བྱེད་མཁན་དང་། ཞུ་གཏུག་བྱེད་མཁན། ཐེར་འདོན་བྱེད་མཁན་བཅས་ལ་གསལ་བཤད་བྱེད་དགོས།

ལེའུ་ལྔ་པ། སློབ་གསོ་གཏོང་བ་དང་རོགས་སྐྱོར་བྱེད་རྒྱུའི་སྐོར།

དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ཚན་པས་སྡེ་ཁུལ་ཡོ་བསྲང་ཞུ་མིར་སློབ་གསོའི་རོགས་སྐྱོར་བྱེད་ཆེད་རྣམ་པ་འདྲ་མིན་གྱི་ཐོག་ནས་དགོས་ངེས་ཀྱི་ཡུལ་དང་ཆ་རྐྱེན་མཁོ་འདོན་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས། སློབ་གསོའི་རོགས་སྐྱོར་གྱི་ལས་ཀར་ཞུགས་རྒྱུའི་སྒྲིག་འཛུགས་དང་སྐུལ་སློང་བྱེད་དགོས།

འབྲེལ་ཡོད་མི་དམངས་ཚོགས་པས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་ཁྲིམས་བཞིན་གཞོགས་འདེགས་བྱས་ནས་སློབ་གསོའི་རོགས་སྐྱོར་གྱི་ལས་ཀ་ཡག་པོ་བསྒྲུབ་དགོས།

དོན་ཚན་སོ་དྲུག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ནས། སྡེ་ཁུལ་ཡོ་བསྲང་ཞུ་མིར་ཁྲིམས་སྐྱོང་དང་ཀུན་སྤྱོད་སོགས་ཀྱི་སློབ་གསོ་བཏང་སྟེ། ཁོ་ཚོའི་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཀུན་སྤྱོད་ཀྱི་བྱང་ཚད་དང་རང་ཉེས་འགྱོད་བཤགས་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།

སྡེ་ཁུལ་ཡོ་བསྲང་ཞུ་མིར་སློབ་གསོ་གཏོང་སྐབས་མིའི་ཁྱད་ཆོས་དང་རྒྱུན་ལྡན་གྱི་བྱེད་ལུགས་བྱེད་སྟངས་སོགས་གནས་ཚུལ་དངོས་ལ་གཞིགས་ནས། དེའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ཏེ། མིའི་བབ་དང་བསྟུན་ནས་སློབ་གསོ་གཏོང་དགོས།

དོན་ཚན་སོ་བདུན་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འབྲེལ་ཡོད་ཚན་པ་དང་ལས་ཁུངས་སུ་མཐུན་སྦྱོར་བྱས་ཏེ་ལས་ཞུགས་ལ་དཀའ་ངལ་ཡོད་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིར་ཁྲིམས་བཞིན་ལས་རིགས་ལག་རྩལ་གྱི་གསོ་སྦྱོང་དང་ལས་ཞུགས་ལ་ཁྲིད་སྟོན་བྱེད་དགོས་པ་དང་། སྡེ་ཁུལ་ཡོ་བསྲང་ཞུ་མིའི་ཁྲོད་ཀྱི་སློབ་གྲྭར་འགྲོ་བཞིན་པའི་སློབ་མར་སློབ་སྦྱོང་བྱེད་རྒྱུ་མཐའ་འཁྱོངས་ཐུབ་པའི་རོགས་རམ་བྱེད་དགོས།

དོན་ཚན་སོ་བརྒྱད་པ། གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས། དང་བླངས་པ་དང་སྡེ་ཁུལ་གྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡེ་ཁུལ་གྱི་ཐོན་ཁུངས་བེད་སྤྱད་ནས། རྣམ་པ་འདྲ་མིན་གྱི་ཐོག་ནས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིར་དགོས་ངེས་ཀྱི་སློབ་གསོ་གཏོང་བ་དང་རོགས་སྐྱོར་བྱེད་དགོས།

དོན་ཚན་སོ་དགུ་པ། སྡེ་ཁུལ་ཡོ་བསྲང་ཞུ་མིའི་ལྟ་སྐྱོང་བ་དང་ཁྱིམ་མི། དེ་བཞིན་སྡེ་ཁུལ་ཡོ་བསྲང་ཞུ་མི་གནས་སའི་ལས་ཁུངས་སམ་སློབ་གྲྭ་བཅས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་སྡེ་ཁུལ་ཡོ་བསྲང་ཞུ་མིར་སློབ་གསོ་ཡག་པོ་གཏོང་དགོས།

དོན་ཚན་བཞི་བཅུ་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཡོངས་བསྒྲགས་ཐོག་ནས་སྡེ་ཁུལ་དུ་ཡོ་བསྲང་བྱེད་པའི་སྤྱི་ཚོགས་ཀྱི་ལས་ཀའི་ཞབས་ཞུའམ་སྤྱི་ཚོགས་ཀྱི་ཞབས་ཞུ་གཞན་དག་འདེམས་ཉོ་གང་ལེགས་བྱས་ཏེ། སྡེ་ཁུལ་ཡོ་བསྲང་ཞུ་མིར་སློབ་གསོ་གཏོང་བ་དང་། སེམས་ཁམས་སྐོར་གྱི་ཟུར་ཁྲིད་བྱེད་པ། ལས་རིགས་ལག་རྩལ་གྱི་གསོ་སྦྱོང་བྱེད་པ། སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་དགོས་ངེས་ཀྱི་རོགས་སྐྱོར་བྱེད་དགོས།

སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་རྣམ་གྲངས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལ་མངགས་བཅོལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གོང་གསལ་གྱི་རོགས་སྐྱོར་བྱེད་སྒོ་སྤེལ་ནའང་ཆོག་པ་དང་། རྒྱལ་ཁབ་ཀྱིས་ཉམས་མྱོང་དང་ཐོན་ཁུངས་ཡོད་པའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལ་ས་ཁུལ་ལས་བརྒལ་ཏེ་རོགས་སྐྱོར་བྱེད་པའི་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་དཔེ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་གཏོང་གི་ཡོད།

དོན་ཚན་ཞེ་གཅིག་པ། རྒྱལ་ཁབ་ཀྱིས་ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་རྩ་འཛུགས་བཅས་སུ་སྡེ་ཁུལ་ཡོ་བསྲང་ཞུ་མིར་ལས་གནས་སུ་ཞུགས་པ་དང་ལས་རིགས་ལག་རྩལ་གྱི་གསོ་སྐྱོང་སྦྱོང་བརྡར་བྱེད་པར་སྐུལ་མ་གཏོང་གི་ཡོད། ཆ་རྐྱེན་ཚང་བའི་སྡེ་ཁུལ་ཡོ་བསྲང་ཞུ་མི་ལས་མིར་བསྡུ་མཁན་ཁེ་ལས་ཀྱིས་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག

དོན་ཚན་ཞེ་གཉིས་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིའི་སྒེར་གྱི་ཁྱད་ཆོས་ལ་གཞིགས་ནས། ཁོ་ཚོ་སྤྱི་ཕན་བྱེད་སྒོར་ཞུགས་རྒྱུ་སྒྲིག་འཛུགས་དང་། སྤྱི་ཚོགས་ཀྱི་འབྲེལ་བ་སླར་གསོ་ཡོང་བ་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲིའི་འཁུར་སེམས་གསོ་སྐྱོང་བཅས་བྱེད་ཆོག

དོན་ཚན་ཞེ་གསུམ་པ། སྡེ་ཁུལ་དུ་ཡོ་བསྲང་ཞུ་མིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པ། ཁྲིམས་ལུགས་ཀྱི་རོགས་སྐྱོར་ཐོབ་པ་བཅས་ཀྱི་རེ་ཞུ་བྱེད་ཆོག་པ་དང་། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དགོས་ངེས་ཀྱི་གཞོགས་འདེགས་བྱེད་དགོས།

ལེའུ་དྲུག་པ། ཕྱིར་འཐེན་དང་མཚམས་འཇོག་བྱེད་རྒྱུའི་སྐོར།

དོན་ཚན་ཞེ་བཞི་པ། སྡེ་ཁུལ་ཡོ་བསྲང་ཞུ་མིའི་ཡོ་བསྲང་ཞུ་ཡུན་ཐིམ་པའམ་ཁྲིམས་ཆད་མེད་པ་བཟོས་པའི་རིགས་ལ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མིར་སྡེ་ཁུལ་ཡོ་བསྲང་ཕྱིར་འཐེན་བྱེད་པའི་དཔང་ཡིག་སྤྲོད་དགོས་པ་མ་ཟད། སྡེ་ཁུལ་ཡོ་བསྲང་བྱ་རྒྱུའི་ཁྲིམས་ཐག་གཅོད་མཁན་ལས་ཁུངས་དང་། ས་གནས་དེ་གའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ལ་བརྡ་ཐོ་གཏོང་དགོས།

དོན་ཚན་ཞེ་ལྔ་པ། སྡེ་ཁུལ་ཡོ་བསྲང་ཞུ་མིར་ཁྲིམས་ཆད་ཕྱིར་འགྱངས་བྱེད་པ་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྒྱུའི་བཀའ་བཅད་བཏང་བ། བཙོན་བཅུག་ལག་བསྟར་བྱེད་རྒྱུའི་ཐག་གཅོད་བྱས་པའམ་སྡེ་ཁུལ་ཡོ་བསྲང་ཞུ་མི་ཤི་བ་བཅས་ཡིན་ན་སྡེ་ཁུལ་ཡོ་བསྲང་བྱེད་མཚམས་འཇོག་རྒྱུ།

དོན་ཚན་ཞེ་དྲུག་པ། སྡེ་ཁུལ་ཡོ་བསྲང་ཞུ་མིར་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྲིམས་ཆད་ཕྱིར་འགྱངས་བྱེད་པ་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་དགོས་པའི་གནས་ཚུལ་ཡོད་ཚེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་ཕྱིར་འགྱངས་བྱས་པ་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་དགོས།

ཚོད་བགམ་བྱེད་རིང་བྱས་ཉེས་གསར་པ་བསགས་པའམ་དཔྱད་མཚམས་བཏང་དོན་ཁྱབ་བསྒྲགས་མ་བྱས་གོང་ད་དུང་བྱས་ཉེས་གཞན་དག་བསགས་ཡོད་པར་དཔྱད་མཚམས་བཏང་མེད་པ་ཤེས་རྟོགས་བྱུང་ན། གྱོད་དོན་དེ་ཞིབ་གཅོད་བྱེད་མཁན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་ཕྱིར་འགྱངས་བྱས་པ་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་དགོས་པ་མ་ཟད། ཡིག་ཐོག་ནས་ཐོག་མའི་འདྲི་གཅོད་བྱེད་མཁན་མི་དམངས་ཁྲིམས་ཁང་དང་ལག་བསྟར་བྱ་ཡུལ་གྱི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་བརྡ་ཐོ་གཏོང་དགོས།

ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ཕུད་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་དགོས་པའི་གནས་ཚུལ་གཞན་དག་ཡོད་རིགས་ལ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཐོག་མའི་འདྲི་གཅོད་བྱེད་མཁན་མི་དམངས་ཁྲིམས་ཁང་ངམ་ལག་བསྟར་བྱེད་སའི་མི་དམངས་ཁྲིམས་ཁང་ལ་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྒྱུའི་གྲོས་གཞི་འདོན་དགོས་པ་དང་འབྲེལ། གྲོས་གཞིའི་ཡི་གེ་དེ་མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱེད་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྒྱུའི་གྲོས་འགོ་འདོན་སྐབས་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཀྱི་དཔང་ཡིག་མཁོ་འདོན་བྱེད་དགོས།

དོན་ཚན་ཞེ་བདུན་པ། ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཡུལ་གྱི་སྡེ་ཁུལ་ཡོ་བསྲང་ཞུ་མི་བྲོས་བྱོལ་དུ་འགྲོ་ཉེན་ཡོད་པའམ་སྤྱི་ཚོགས་སུ་ཉེན་ཁ་བཟོ་ཉེན་ཡོད་ན། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྒྱུའི་གྲོས་འགོ་འདོན་ཆོག་པ་དང་ཆབས་ཅིག མི་དམངས་ཁྲིམས་ཁང་ལ་ཁོ་པ་འཛིན་བཟུང་བྱེད་རྒྱུའི་ཐག་གཅོད་བྱེད་རོགས་ཞུ་ཆོག

མི་དམངས་ཁྲིམས་ཁང་གིས་ཆུ་ཚོད་ཞེ་བརྒྱད་ནང་ཚུན་དུ་འཛིན་བཟུང་བྱེད་དགོས་མིན་གཏན་འཁེལ་བྱེད་དགོས་པ་དང་། འཛིན་བཟུང་བྱེད་རྒྱུ་གཏན་འཁེལ་ན་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱེད་དགོས། འཛིན་བཟུང་བྱས་རྗེས་ཀྱི་བཀག་ཉར་བྱེད་ཡུན་ཉིན་སུམ་ཅུ་ནས་བརྒལ་མི་ཆོག

དོན་ཚན་ཞེ་བརྒྱད་པ། མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྒྱུའི་གྲོས་གཞིའི་ཡི་གེ་འབྱོར་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་དུ་བཀའ་བཅད་གཏོང་དགོས་པ་དང་། བཀའ་བཅད་ཁྲ་མ་དེ་སྡེ་ཁུལ་ཡོ་བསྲང་ཚན་པ་དང་སྤྱི་བདེ་ལས་ཁུངས་སུ་སྐྱེལ་སྤྲོད་བྱེད་དགོས་པ་མ་ཟད། མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱེད་དགོས།

མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྩིས་ཡོད་ན། སྡེ་ཁུལ་ཡོ་བསྲང་ཞུ་མིས་དག་འབུད་བྱས་པ་དང་། ཁོས་མངགས་བཅོལ་བྱས་པའི་ཁྲིམས་རྩོད་པའི་བསམ་འཆར་ལ་ཉན་འཇོག་བྱེད་དགོས།

མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་རྒྱུའི་བཀའ་བཅད་བཏང་བའི་རིགས་ལ། སྤྱི་བདེ་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ཞུ་མི་བཙོན་ཁང་ངམ་ལྟ་སྲུང་ཁང་དུ་དུས་ཐོག་ཏུ་བསྐྱལ་ནས་ལག་བསྟར་བྱེད་དུ་འཇུག་དགོས། ལག་བསྟར་མ་བྱས་གོང་འཛིན་བཟུང་བྱས་པ་ཡིན་ན། བཙན་ཉར་བྱས་པའི་ཉིན་གཅིག་བཙོན་འཇུག་བྱས་པའི་ཉིན་གཅིག་ལ་བརྩི་དགོས།

མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་མི་བྱེད་རྒྱུའི་བཀའ་བཅད་བཏང་བ་ན་འཛིན་བཟུང་བྱས་ཡོད་པའི་སྡེ་ཁུལ་ཡོ་བསྲང་ཞུ་མི་དེ་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་གློད་འགྲོལ་གཏོང་དགོས།

དོན་ཚན་ཞེ་དགུ་པ། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱ་རྒྱུའི་སྡེ་ཁུལ་ཡོ་བསྲང་ཞུ་མིར་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་བཙོན་ཁང་དུ་འཇུག་དགོས་པའི་གནས་ཚུལ་ཡོད་ཚེ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ལག་བསྟར་བྱེད་སའམ་དེ་སྔའི་སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་བྱེད་མཁན་ལས་ཁུངས་ལ་བཙོན་བཅུག་ལག་བསྟར་བྱེད་རྒྱུའི་གྲོས་འགོ་འདོན་དགོས་པ་མ་ཟད། གྲོས་གཞིའི་ཡི་གེ་མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱེད་དགོས།

སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་གྲོས་གཞིའི་ཡི་གེ་འབྱོར་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་དུ་ཐག་གཅོད་བྱེད་དགོས། ཐག་བཅད་པའི་ཡི་གེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་སུ་སྐྱེལ་སྤྲོད་བྱེད་དགོས་པ་མ་ཟད། མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱེད་དགོས།

མི་དམངས་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་ཀྱིས་གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་པའི་སྡེ་ཁུལ་ཡོ་བསྲང་ཞུ་མི་དེར་བཙོན་བཅུག་ལག་བསྟར་བྱེད་རྒྱུའི་ཐག་བཅད་ན། སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་སྡེ་ཁུལ་ཡོ་བསྲང་ཞུ་མི་དེ་བཙོན་ཁང་ངམ་ལྟ་སྲུང་ཁང་དུ་བསྐྱལ་ནས་བཙོན་བཅུག་ལག་བསྟར་བྱེད་དགོས།

བཙོན་ཁང་དོ་དམ་ལས་ཁུངས་ཀྱིས་གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིར་བཙོན་བཅུག་ལག་བསྟར་བྱེད་རྒྱུའི་ཐག་བཅད་ན། བཙོན་ཁང་གིས་འཕྲལ་མར་སྡེ་ཁུལ་ཡོ་བསྲང་ཞུ་མི་བཙོན་བཅུག་ལག་བསྟར་བྱེད་དགོས།

དོན་ཚན་ལྔ་བཅུ་པ། ཁྲིམས་ཆད་ཕྱིར་འགྱངས་དང་། ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་པའི་བཀའ་བཅད་བཏང་བ་དང་། བཙོན་བཅུག་ལག་བསྟར་བྱེད་རྒྱུ་ཐག་བཅད་པའི་སྡེ་ཁུལ་ཡོ་བསྲང་ཞུ་མི་བྲོལ་བྱོལ་དུ་སོང་བའི་རིགས་ སྤྱི་བདེ་ལས་ཁུངས་ཀྱིས་འདེད་འཛིན་བྱེད་དགོས་པ་དང་། སྡེ་ཁུལ་ཡོ་བསྲང་ལས་ཁུངས་དང་། འབྲེལ་ཡོད་སྡེ་ཚན། མི་སྒེར་བཅས་ཀྱིས་དེར་གཞོགས་འདེགས་བྱེད་དགོས།

དོན་ཚན་ང་གཅིག་པ། སྡེ་ཁུལ་ཡོ་བསྲང་ཞུ་མི་དེ་སྡེ་ཁུལ་ཡོ་བསྲང་བྱེད་རིང་ཚེ་ལས་འདས་ན། དེའི་ལྟ་སྐྱོང་བ་དང་ཁྱིམ་མིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱེད་རྒྱུ་ཐག་གཅོད་བྱེད་མཁན་ལས་ཁུངས་དང་། ས་ཆ་དེ་གའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་དགོས།

ལེའུ་བདུན་པ། ནར་མ་གསོན་པའི་མི་སྡེ་ཁུལ་ཡོ་བསྲང་བྱེད་སྐབས་ཀྱི་དམིགས་བསལ་གཏན་འབེབས།

དོན་ཚན་ང་གཉིས་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིའི་ལོ་ན་དང་། སེམས་ཁམས་ཀྱི་ཁྱད་ཆོས། འཚར་ལོངས་ཀྱི་དགོས་མཁོ། འཚར་ལོངས་བྱུང་བའི་ལོ་རྒྱུས། ཉེས་གསོག་གི་རྒྱུ་རྐྱེན། ཁྱིམ་ཚང་གི་ལྟ་སྐྱོང་སློབ་གསོའི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་དེ་དང་འཚམ་པའི་ཡོ་བསྲང་བྱེད་ཐབས་སྤྱོད་དགོས།

སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིར་ཡོ་བསྲང་གི་ཚོ་ཆུང་གཏན་འཁེལ་བྱེད་དགོས་པ་དང་། ནར་མ་སོན་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་ལ་རྒྱུས་མངའ་ཡོད་མཁན་གྱི་མི་སྣ་ཚོ་ཆུང་དེར་ཞུགས་སུ་འཇུག་དགོས།

ནར་མ་སོན་པའི་མི་སྡེ་ཁུལ་ཡོ་བསྲང་བྱེད་སྐབས། ལོ་ན་དར་མ་ལས་ལོགས་སུ་ཡོ་བསྲང་བྱེད་དགོས།

དོན་ཚན་ང་གསུམ་པ། ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིའི་ལྟ་སྐྱོང་བས་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས་པ་དང་། གསོ་སྐྱོང་དང་དོ་དམ་སློབ་གསོ་གཏོང་རྒྱུ་སོགས་ཀྱི་འོས་འགན་འཁུར་དགོས།

ལྟ་སྐྱོང་བས་ལྟ་སྐྱོང་གི་འགན་འཁྲི་འཁུར་རྒྱུར་སྣང་ཆུང་བྱས་ཚེ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས་པའི་སྐུལ་མ་གཏོང་བ་དང་སློབ་གསོ་རྒྱག་དགོས། ལྟ་སྐྱོང་པས་ལྟ་སྐྱོང་གི་འགན་འཁྲི་གཏན་ནས་མ་འཁུར་ན། འབྲེལ་ཡོད་ཚན་པར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་བརྡ་ཐོ་གཏོང་དགོས།

དོན་ཚན་ང་བཞི་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་ཀ་བྱེད་མཁན་དང་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་བྱེད་པར་ཞུགས་མཁན་གཞན་དག་གིས་འགན་འཁུར་བྱེད་པའི་བརྒྱུད་རིམ་ནང་ནར་མ་སོན་པའི་མིའི་ཐོབ་ཐང་གི་ཆ་འཕྲིན་ཤེས་རྟོགས་བྱུང་བར་གསང་བ་བྱ་དགོས།

ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་གཞི་ཐག་གཅོད་བྱེད་པའི་དགོས་མཁོའམ་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་འདྲི་རྩད་བྱེད་པ་ཕུད། ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིའི་ཡིག་ཚགས་ཀྱི་ཆ་འཕྲིན་ལས་ཁུངས་སམ་མི་སྒེར་གང་རུང་ལ་མཁོ་འདོན་བྱེད་མི་ཆོག ཁྲིམས་ལྟར་འདྲི་རྩད་བྱེད་མཁན་ལས་ཁུངས་ཀྱིས་ཆ་འཕྲིན་ཤེས་རྟོགས་བྱུང་བ་དག་གསང་བ་བྱ་དགོས།

དོན་ཚན་ང་ལྔ་པ། འོས་འགན་སློབ་གསོའི་དུས་ཚད་མ་ཚང་བའི་ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིར། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སློབ་གསོའི་ཚན་པར་བརྡ་ཐོ་གཏོང་བ་དང་འབྲེལ་གཞོགས་འདེགས་བྱས་ཏེ་འོས་འགན་སློབ་གསོ་ལེགས་འགྲུབ་ཡོང་བའི་ཆ་རྐྱེན་བསྐྲུན་དགོས། ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲ་ཞུ་མིའི་ལྟ་སྐྱོང་བས་ཁྲིམས་བཞིན་དུས་ཐོག་ཏུ་སློབ་ཞུགས་བྱེད་དུ་བཅུག་ནས། འོས་འགན་སློབ་གསོ་དང་ལེན་བྱེད་པ་མ་ཟད་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།

ལོ་ན་བཅུ་དྲུག་ལོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིར་ལས་ཞུགས་ཀྱི་འདོད་བློ་ཡོད་ན། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འབྲེལ་ཡོད་ཚན་པ་དང་ལས་ཁུངས་སུ་མཐུན་སྦྱོར་བྱས་ནས་ཁོ་པར་ལས་རིགས་ལག་རྩལ་གྱི་གསོ་སྦྱོང་བྱེད་པ་དང་། ལས་ཀར་ཞུགས་རྒྱུའི་སྐོར་ལ་ཁྲིད་སྟོན་དང་རོགས་རམ་བྱེད་དགོས།

དོན་ཚན་ང་དྲུག་པ། གུང་གཞོན་སྡེ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། ནར་མ་སོན་པའི་མིའི་སྲུང་སྐྱོབ་རྩ་འཛུགས་བཅས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་ནར་མ་སོན་པའི་མི་སྡེ་ཁུལ་ཡོ་བསྲང་བྱེད་རྒྱུའི་ལས་ཀ་ལེགས་པོ་བསྒྲུབ་རྒྱུར་ཁྲིམས་བཞིན་གཞོགས་འདེགས་བྱེད་དགོས།

རྒྱལ་ཁབ་ཀྱིས་ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག ནར་མ་སོན་པའི་མི་སྡེ་ཁུལ་དུ་ཡོ་བསྲང་བྱེད་རྒྱུའི་ལས་ཀ་དེའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་གི་ཡོད་པ་དང་། ཁྲིམས་བཞིན་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

དོན་ཚན་ང་བདུན་པ། ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མིར་སློབ་གྲྭར་བསྐྱར་ཞུགས་བྱེད་པ་དང་། ལོ་རིམ་འཕར་བ། ལས་ཀར་ཞུགས་པ་སོགས་ཀྱི་ཐད་ཁྲིམས་བཞིན་ནར་མ་སོན་པའི་མི་གཞན་དག་དང་འདྲ་མཚུངས་ཀྱི་ཁེ་དབང་ལོངས་སྤྱོད་བྱེད་དབང་ཡོད་པས་ལས་ཁུངས་གང་འདྲ་ཞིག་དང་མི་སུ་འདྲ་ཞིག་གིས་ཀྱང་དེར་མཐོང་ཆུང་བྱེད་ཆོག་གི་མེད། གལ་ཏེ་མཐོང་ཆུང་བྱེད་པའི་བྱ་སྤྱོད་ཡོད་ན། སློབ་གསོ་དང་། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཚན་པས་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

དོན་ཚན་ང་བརྒྱད་པ། ནར་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ཞུ་མི་སྡེ་ཁུལ་ཡོ་བསྲང་ཞུ་རིང་ཧྲིལ་ལོ་བཅོ་བརྒྱད་ལོན་ནའང་མུ་མཐུད་ནར་མ་སོན་པའི་མི་སྡེ་ཁུལ་དུ་ཡོ་བསྲང་བྱེད་རྒྱུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

ལེའུ་བརྒྱད་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

དོན་ཚན་ང་དགུ་པ། སྡེ་ཁུལ་ཡོ་བསྲང་ཞུ་མིར་སྡེ་ཁུལ་དུ་ཡོ་བསྲང་བྱེད་རིང་ལྟ་སྐུལ་དོ་དམ་གྱི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ཡོད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས་》ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་དང་། ཁྲིམས་ཆད་ཕྱིར་འགྱངས་བྱས་པ་དང་། ཚོད་བགམ་གློད་འགྲོལ་བཏང་བ་ཕྱིར་འཐེན་བྱེད་དགོས་པའི་གནས་ཚུལ་ཡོད་པའམ། གནས་སྐབས་བཙོན་ཁང་གི་ཕྱིར་ཁྲིམས་ཆད་ལག་བསྟར་བྱས་པར་བཙོན་བཅུག་ལག་བསྟར་བྱེད་དགོས་པའི་གནས་ཚུལ་ཡོད་ན། ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

དོན་ཚན་དྲུག་ཅུ་པ། སྡེ་ཁུལ་ཡོ་བསྲང་ཞུ་མིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་ཀ་བྱེད་མཁན་དང་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་ནང་ཞུགས་མཁན་གཞན་དག་དང་དེའི་གཉེན་ཉེར་ཉེས་རྡུང་དང་། འཇིགས་སྐུལ། དམའ་འབེབས། བསྙད་རྐོ། འཁོན་ལན་སློག་པ་བཅས་བྱས་ཏེ། ནག་ཉེས་བསགས་ཡོད་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་། ཉེས་གསོག་གི་ཚད་དུ་སླེབས་མེད་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་བདེ་འཇགས་དོ་དམ་ཐད་ཀྱི་ཆད་པ་གཅོད་དགོས།

དོན་ཚན་རེ་གཅིག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་ཀ་བྱེད་མཁན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་དག་ལ་གཤམ་གསལ་བྱ་སྤྱོད་ཀྱི་རིགས་ཤིག་ཡོད་ན། ཆད་པ་གཅོད་དགོས་པ་དང་། ནག་ཉེས་བསགས་ཡོད་པའི་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།

(དང་པོ།) ལས་གནས་སམ་ལས་ཀའི་སྟབས་བདེར་བརྟེན་ནས་ལྐོག་རྔན་བསྡུ་ལེན་བྱེད་པའི་རིགས།

(གཉིས་པ། ) ཁྲིམས་ནང་གཏན་འབེབས་བྱས་པའི་འགན་འཁྲི་མ་སྒྲུབ་པའི་རིགས།

(གསུམ་པ།) སྡེ་ཁུལ་ཡོ་བསྲང་ཞུ་མིར་ལུས་ཀྱི་ཆད་པ་བཅད་པ་དང་མནར་གཅོད་བཏང་བའམ་ཡང་ན་ཁྲིམས་ལུགས་ཀྱི་གཏན་འབེབས་ལས་འགལ་ཏེ་སྡེ་ཁུལ་ཡོ་བསྲང་ཞུ་མིའི་མི་ལུས་རང་དབང་ལ་ཚོད་འཛིན་བྱས་པའམ་རྣམ་པ་འགྱུར་བའི་སྒོ་ནས་ཚོད་འཛིན་བྱས་པའི་རིགས།

(བཞི་པ། ) སྡེ་ཁུལ་ཡོ་བསྲང་གི་ལས་ཀའི་གསང་བའམ་ཁྲིམས་བཞིན་གསང་བ་བྱེད་དགོས་པའི་ཆ་འཕྲིན་གཞན་དག་ཕྱིར་གྱར་བའི་རིགས།

(ལྔ་པ།) ཁྲིམས་བཞིན་དག་འབུལ་བྱེད་པ་དང་ཞུ་གཏུག་རྒྱག་པའམ་ཡང་ན་ཉེས་སྐྱོན་ཐེར་འདོན་བྱེད་མཁན་གྱི་སྡེ་ཁུལ་ཡོ་བསྲང་ཞུ་མིར་རྡུང་རྡེག་དང་འཁོན་ལན་སློག་པའི་རིགས།

(དྲུག་པ།) དེ་མིན་གྱི་སྒྲིག་ཁྲིམས་དང་ཁྲིམས་ལུགས་ལས་འགལ་བའི་བྱ་སྤྱོད་ཡོད་རིགས་བཅས།

དོན་ཚན་རེ་གཉིས་པ། མི་དམངས་ཞིབ་དཔྱོད་ཁང་གིས་སྡེ་ཁུལ་ཡོ་བསྲང་གི་ལས་ཀའི་ཁྲོད་ཁྲིམས་ལུགས་ཀྱི་གཏན་འབེབས་ལས་འགལ་བའི་གནས་ཚུལ་ཡོད་པ་ཤེས་ཚེ། ཁྲིམས་བཞིན་ཡོ་བསྲང་བྱེད་དགོས་པའི་བསམ་འཆར་དང་ཞིབ་དཔྱོད་ཀྱི་གྲོས་གཞི་འདོན་དགོས། འབྲེལ་ཡོད་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་རྒྱུའི་བསམ་འཆར་དང་ཞིབ་དཔྱོད་བྱེད་པའི་གྲོས་གཞི་དང་ལེན་བྱས་ཚུལ་མི་དམངས་ཞིབ་དཔྱོད་ཁང་ལ་ཡིག་ཐོག་ནས་ལན་འདེབས་དགོས། གལ་ཏེ་དང་ལེན་བྱས་མེད་ཚེ་རྒྱུ་མཚན་གསལ་བཤད་བྱེད་དགོས།

ལེའུ་དགུ་པ། ཞར་བྱུང་དོན་ཚན།

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདི་2020ལོའི་ཟླ་7ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།

来源:达日司法

责任编辑:

Thenews.cc